ཁ་པར་བྱང་བུ་ཉོ་བར་ངོ་གདོང་བཤེར་དགོས།

སྤྱི་ལོ་༢༠༡༩་ལོའི་ཟླ་༡༢་པ་ནས་བཟུང་།ཀྲུང་གོའི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁ་པར་ཨང་གྲངས་གསར་པ་ཐོ་འགོད་བྱེད་པར།རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་མཁོ་སྤྲོད་བྱེད་པ་ཙམ་མ་ཡིན་པར། ངེས་པར་དུ་རང་ཉིད་ཀྱི་ངོ་གདོང་བཤེར་དགོས་པའི་ཆ་རྐྱེན་གསར་པ་ཞིག་བཟོས་ཡོད།

སྲིད་གཞུང་གིས།སྐྱེ་དངོས་ཁྱད་རྟགས་ཀྱི་གཞི་གྲངས་ཕྱོགས་བསྡུས་བྱེད་པའི་ལག་ལེན་གསར་པ་འདིས།ལམ་ལྷོང་ལྡན་པའི་ཐོག་ནས།དྲ་ཐོག་གི་ངན་བྱུས་མགོ་སྐོར་རིགས་བཀག་འགོག་བྱས་ཏེ།དྲ་རྒྱའི་ནང་གི་མི་སེར་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད། སྲིད་གཞུང་གིས་ལག་ལེན་གསར་པ་འདིའི་ཁྲོད་དུ། མིས་བཟོས་རིག་སྟོབས་ཀྱི་ཚད་མཐོའི་ནུས་པ་བེད་སྤྱད་དེ། ཁ་པར་གྱི་བྱང་བུ་གསར་དུ་ཐོ་འགོད་བྱེད་མཁན་གྱི་མི་ཚོའི་ངོ་བོ་བདེན་དཔང་བྱེད་ཀྱི་ཡོད་པ་མ་ཟད།རྒྱལ་ནང་གི་ཁ་པར་དང་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཡོངས་རྫོགས་ལས་སླ་པོའི་ཐོག་ནས་རྗེས་འདེད་གཏོང་གི་ཡོད།

དེ་སྔོན་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས་རང་ཉིད་ཀྱི་བྱང་བུ་ཐོ་འགོད་བྱེད་པར། ཐོབ་ཐང་ལག་འཁྱེར་དང་ཡང་ན། ལམ་ཡིག་སྤྲད་ན་འགྲིག་གི་ཡོད་ཀྱང་། ངོ་གདོང་བཤེར་དགོས་པའི་ཆ་རྐྱེན་འཕར་མ་དེས་མི་ཚོར། སྒེར་གྱི་གནས་ཚུལ་དང་འབྲེལ་བའི་བདེ་འཇགས་ཀྱི་ཐད་ལ་སེམས་འཚབ་བསྐྲུན་ཡོད།

ད་ལོའི་ཟླ་༡༡་པའི་ནང་། གོ་པིན་ཟེར་བའི་ཀྲིག་ཅིང་འཕྲུལ་རིག་ཚན་རྩལ་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས།  ཀྲིག་ཅིང་ཞིང་ཆེན་ནང་གི་རི་དྭགས་སྤྱན་གཟིགས་ཁང་ཞིག་གི་འབྲེལ་ཡོད་ལས་ཁུངས་ཀྱིས།མི་ཚོའི་མོས་མཐུན་དང་ཆོག་མཆན་མེད་པའི་ཐོག་ནས།རི་དྭགས་ཁང་ནང་དུ་གཟིགས་སྐོར་ལ་ཕེབས་མཁན་གྱི་མི་ཚོའི་ངོ་གདོང་བཤེར་ཏེ་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱས་པ་དེས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་《消费者权益保护法》ལ་འགལ་བའི་ཉེས་འཛུགས་བྱས་ཏེ་ཁྲིམས་གཏུགས་བྱས་པ་དེ་ནི་རྒྱལ་ནང་གི་ངོ་གདོང་ངོས་འཛིན་གྱི་ལག་བསྟར་ལ་རྒོལ་བའི་ཁྲིམས་ཐོག་གི་གཏུག་བཤེར་ཐེངས་དང་པོ་དེ་ཆགས་ཡོད།

ངོ་གདོང་ཞིབ་བཤེར་གྱི་གནད་དོན་འདིའི་ཐོག་ཏུ། པོད་ཕྲན་ནང་གི་མི་ཚོའི་ལྟ་ཚུལ་ཕྱོགས་གཉིས་སུ་གྱེས་ཡོད་དེ། མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དཔེར་ན། དེ་སྔོན་སྒེར་གྱི་ངོ་བོ་རྐུ་མ་ཤོར་མྱོང་མཁན་གྱི་མི་ཞིག་གིས། ལག་ལེན་གསར་བ་འདིས་ངའི་སེམས་ལྷོད་ལ་འབབ་ཏུ་བཅུག་སོང་ཅེས་བརྗོད་ཡོད། འོན་ཀྱང་། དེ་ལས་ལྡོག་སྟེ།མི་མང་པོ་ཞིག་གིས་ངོ་གདོང་ཞིབ་བཤེར་བྱེད་པའི་སྲིད་ཇུས་གསར་བ་དེས། དྲ་ལམ་གྱི་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་དང་ཁག་ཐེག་བྱེད་ཐུབ་མིན་གྱི་ཐད་ལ་ཡིད་ཆེས་བྱེད་ཐུབ་ཀྱི་མེད་ལ། ཁ་པར་འཛད་སྤྱོད་པ་ཞིག་གིས། ངའི་ཁ་པར་ཨང་གྲངས་གཞན་ལ་བཙོང་ཚར་འདུག ད་ངའི་ངོ་གདོང་ཡང་བཙོང་རྒྱུ་ཡིན་ནམ། ང་ཚོར་སྒེར་གྱི་གསང་རྒྱ་ཅུང་ཙམ་ཉར་དུ་འཇུག་རོགས་ཞེས་ངོ་གདོང་ཞིབ་བཤེར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཡོད་ལ། དེ་བཞིན་མི་གཞན་ཞིག་གིས། ང་ཚོར་རང་དབང་གི་སྟོང་ཆ་ཅུང་ཟད་ཙམ་ཡང་མི་འདུག ཡོད་ཚད་ལ་སྟངས་འཛིན་བྱས་ཏེ། ང་ཚོས་རང་ཉིད་ཀྱིས་གང་བརྗོད་འདོད་པ་དེ་བརྗོད་ཐབས་མི་འདུག་ལ། རང་གིས་གང་འདོད་པ་དེ་འདེམས་པའི་གདམ་ག་མི་འདུག་ཅེས་བརྗོད་ཡོད།

རང་ཉིད་ཀྱི་ངོ་གདོང་བཤེར་དགོས་པའི་ཁྲིམས་གསར་པ་འདི། ༢༠༡༩་ལོའི་ཟླ་༡༢་པའི་ཚེས་༡་ནས་བཟུང་། ཁ་པར་བྱང་བུ་གསར་བ་ཉོས་ཏེ།ཐོ་འགོད་བྱེད་མཁན་ཚོར་མ་གཏོགས།དེའི་སྔོན་དུ་ཐོ་འགོད་བྱས་ཚར་ཡོད་པའི་མི་ཚོར་འབྲེལ་བ་མེད།

ཡོངས་ཁུངས། 

https://www.huxiu.com/article/324525.html

https://www.theguardian.com/world/2019/dec/02/china-brings-in-mandatory-facial-recognition-for-mobile-phone-users

Leave a Reply

Your email address will not be published. Required fields are marked *