འཛོམས་བཀོལ་ཆས་ཀྱི་ཁྱད་ཆོས།

འཛོམས།

འཛོམས་ནི། གྲོགས་པོ་དང་གྲོགས་པོའི་སྐད་ཆ་ཁག་འཛེམ་སོམ་དང་དོགས་སྣང་མེད་པར་བཤད་ཆོག་སའི་སྡིངས་ཆ་ཞིག་ཡིན།  རིན་མེད་ཡིན་ཞིང་། ཁུངས་བཙན་པའི་ཁུངས་འབྱེད་མཉེན་ཆས་འདིས། ཁྱེད་རང་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར།འཛམ་གླིང་གི་ས་ཆ་འདྲ་མིན་གྱི་ནང་དུ་ཡོད་པའི་ཁྱེད་ཀྱི་གྲོགས་པོ་དང་ནང་མི་ཚོར་ཁ་བརྡ་བྱེད་སའི་དག་གཙང་གི་ཁོར་ཡུག་ཅིག་བསྐྲུན་གྱི་ཡོད། འཛོམས་ནང་དུ་ཕན་ཚུན་སྦྲེལ་ཚར་ཚེ། ཁྱེད་ཀྱིས་འཕྲིན་ཐུང་དང་། འདྲ་པར། བརྙན་རིས་སོགས་ཡིག་ཆ་སྣ་ཚོགས་བཏང་ཆོག

འཛོམས་ནང་གི་སྣེ་གཉིས་བར་གྱི་གསང་སྡོམ།

 འཛོམས་ནང་གི་སྣེ་གཉིས་བར་གྱི་བདེ་འཇགས་ཟེར་དུས། གཞི་གྲངས་རིགས( འཕྲིན་ཐུང་དང་། པར་རིས། བརྙན་ཐུང་། སྐད། གཟུགས་མཐོང་གླེང་མོལ)་ཡོ་ཆས་ཤིག་ནས་བཏང་ཚར་བའི་གནས་སྐབས་ནས།གཏང་ཡུལ་གྱི་་མི་དེར་མ་འབྱོར་བའི་དུས་སྐབས་ཆ་ཚང་ལ་གསང་སྡོམ་བྱས་ཡོད་ཟེར་གྱི་ཡོད།དེ་གཉིས་ཀྱི་བར་དུ་མི་གསུམ་པ་ཞིག་མེད་པ་མ་ཟད།ཐ་ན་འཛོམས་བཟོ་མཁན་ཡང་མེད།ཉེར་སྤྱོད་པའི་གསང་རྒྱ་དང་བདེ་འཇགས་ལ་དམིགས་ཏེ།འཛོམས་ནང་དུ་བྱས་པའི་གླེང་མོལ་ཆ་ཚང་ལ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ནུས་པས་སྲུང་སྐྱོབ་བྱས་ཡོད།

 འཛོམས་ནང་གི་སྣེ་གཉིས་བར་གྱི་གསང་སྡོམ་གྱིས་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད།

སྣེ་གཉིས་བར་གྱི་གསང་སྡོམ་གྱི་ནུས་པ་ལ་བརྟེན་ནས།ཚོམས་ཀྱི་ནང་དུ་གླེང་མོལ་བྱེད་མཁན་གྱི་མི་ཁོ་ནས་མ་གཏོགས།མི་གཞན་པས་འཕྲིན་ཐུང་གི་ནང་དོན་ལྟ་ཀློག་དང་།ཁ་པར་གྱི་ནང་དོན་ལ་ལྐོག་ཉན་བྱེད་མི་ཐུབ།དེའི་ཁོངས་སུ།མི་གཉིས་བར་གྱི་གླེང་མོལ་ཡང་ཚུད་ཡོད།

 འཛོམས་ཀྱི་བདེ་འཇགས་འཕྲུལ་ཆས་ཀྱིས། ཡོ་ཆས་གཉིས་བར་དུ། གླེང་མོལ་གྱི་འབྲེལ་མཐུད་བྱེད་པའི་སྐབས་སུ། ཚང་མས་ལྟ་ཀློག་བྱེད་ཐུབ་པའི་ཡི་གེའི་ཚབ་ཏུ། གསང་བའི་ཨང་ཚབ་བཀོལ་སྤྱོད་བྱེད་པའི་དམིགས་བསལ་གྱི་ཁོར་ཡུག་ཅིག་བསྐྲུན་གྱི་ཡོད། དེར་བརྟེན། འཕྲིན་ཐུང་གཏོང་མཁན་གྱི་ཡོ་ཆས་(ཁ་པར)་དེ་དང་འཕྲིན་ཐུང་འབྱོར་སའི་ཡོ་ཆས་དེ་གཉིས་ཀར་མ་གཏོགས།གསང་བའི་ཨང་ཚབ་གཏོར་བྱེད་ཀྱི་ལྡེ་མིག་མེད།ཐ་ན།འཛོམས་མཉེན་ཆས་འཛིན་སྐྱོང་བྱེད་མཁན་གྱིས་ཀྱང་འཕྲིན་ཐུང་གི་ནང་དོན་ལྟ་ཀློག་བྱེད་མི་ཐུབ་པ་མ་ཟད།ཧ་ཡང་གོ་མི་ཐུབ།གལ་ཏེ།མི་ཞིག་གིས་འཛོམས་མཉེན་ཆས་ནང་གི་འབྲེལ་མཐུད་ཅིག་ལ་འཇབ་རྒོལ་དང་གསང་མྱུལ་བྱས་པའི་དབང་དུ་བཏང་ཡང་།ཁོས་གསང་ཨང་དེ་དག་རྩ་བ་ནས་འགྲེལ་མི་ཤེས།

ཁྱེད་རང་གི་གླེང་མོལ་བརྟན་པོ་བཟོས།

འཕྲིན་ཐུང་གླེང་མོལ་མཉེན་ཆས་ཁག་ནང་གི་རང་ཉིད་ཀྱི་འབྲེལ་མཐུད་ཁག་ལ་བདེ་འཇགས་ཀྱི་གནས་རིམ་མཐོ་ཤོས་དེ་ཡོད་པའི་ཁག་ཐེག་བྱོས། 

མཉེན་ཆས་ཐོན་གསར་པ་ཞིག་ཕྱི་ལ་ཐོན་དུས། རྟག་དུ་གསར་སྣོན་བྱོས།

མཉེན་ཆས་ཐོན་གསར་པ་ཁོ་ནས་སྣེ་གཉིས་བར་གྱི་གསང་སྡོམ་ཁག་ཐེག་བྱེད་ཐུབ།

རང་ཉིད་ཀྱི་ངོ་ཤེས་དང་། ཡིད་ཆེས་ཡོད་སའི་མི་ལ་འབྲེལ་བ་བཟོས།

 ངོ་མི་ཤེས་པའི་ཨང་གྲངས་དང་ཁ་བྱང་བརྒྱུད་ནས་འབྱོར་བའི་འཕྲིན་ཐུང་རིགས་བཀག་འགོག་བྱོས།

དོགས་པ་ཡོད་སའི་འཕྲིན་ཐུང་ཁག་རྩ་བ་ནས་ཁ་མ་འབྱེད།

སྣེ་གཉིས་བར་གྱི་གསང་སྡོམ་གྱིས།གླེང་མོལ་གྱི་བརྒྱུད་རིམ་ཁྲོད་དུ་བསྐུར་བའི་ཡིག་ཆ་དང་གནས་ཚུལ་རིགས་ཁྱེད་ལ་མ་འབྱོར་བའི་བར་གྱི་ལམ་བར་དུ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་གཏོགས།གནས་ཚུལ་དང་ཡིག་ཆ་དེ་དག་ཁྱེད་རང་གི་ཁ་པར་ནང་འབྱོར་ཚར་བའི་རྗེས་སུ།གལ་ཏེ་ཁྱེད་ཀྱི་ཁ་པར་མི་གཞན་པའི་ལག་ཏུ་ཤོར་ན།དེ་དག་མི་སུས་ཀྱང་ལྟ་ཀློག་བྱེད་ཐུབ་པ་ཡིན་ནོ།།

Leave a Reply

Your email address will not be published. Required fields are marked *