གསང་སྡོམ་ནི་ཅི་ཞིག་ཡིན།
སྣེ་གཉིས་བར་གྱི་གསང་སྡོམ་ནི་ཅི་ཞིག་ཡིན་མིན་མ་གླེང་བའི་སྔོན་དུ། ང་ཚོས་གསང་སྡོམ་ནི་ཅི་ཞིག་ཡིན་མིན་སྐོར་རོབ་ཙམ་གླེང་། གསང་སྡོམ་ནི་འཕྲིན་ཐུང་ཞིག་གམ་ཡང་ན། ཡིག་ཆ་ཞིག་གསང་བ་བཟོ་བའི་བརྒྱུད་རིམ་ལ་གོ་བ་ཡིན་ན། ཡིག་ཆ་ཞིག་གསང་བ་བཟོས་ཚར་ན། ཡིག་ཆ་དེ་མི་བྱེ་བྲག་པ་ཁ་ཤས་ཀྱིས་མ་གཏོགས་ལྟ་མི་ཐུབ། གསང་སྡོམ་གྱི་ཁྱད་ཆོས་དེས་ཡིག་ཆའི་རིགས་གསང་བ་བཟོས་རྗེས། གསང་བའི་ལྡེ་མིག་ཅིག་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། ཡིག་ཆ་དེ་འབྱོར་སའི་མི་དེས་ལྡེ་མིག་དེ་བཀོལ་སྤྱོད་བྱས་ཏེ། གསང་སྡོམ་གྲོལ་ཏེ་ཡིག་ཆའི་ནང་དོན་ལ་ལྟ་ཐུབ་ཀྱི་ཡོད། གསང་སྡོམ་བྱས་ཡོད་པའི་ཡིག་ཆའི་ནང་གི་འཕྲིན་ཐུང་རིགས་ལ་plaintext་ཞེས་ངོས་འཛིན་བྱེད་ཀྱི་ཡོད། གསང་སྡོམ་བྱས་པའི་ཡིག་ཆ་དེ་མི་གཞན་གྱིས་ལྟ་ཀློག་བྱེད་མི་ཐུབ་པའི་གནས་སྐབས་སུ། ciphertext ཞེས་འབོད་ཀྱི་ཡོད།གསང་སྡོམ་གྱི་གཞི་རྩའི་རྣམ་པ་དེ་འཕྲིན་ཡིག་གཉིས་ཕན་ཚུན་བརྗེ་བ་ལྟར་ཧ་ཅང་སྟབས་བདེ་པོ་ཡིན།གསང་སྡོམ་གྱི་ཁྱད་ཆོས་གོང་འཕེལ་ཕྱིན་པ་ལ་བརྟེན་ནས།གསང་སྡོམ་བྱེད་མཁན་ཚོས་གསང་སྡོམ་ལ་རིམ་པ་མང་པོ་བཟོས་པས།འབྲེལ་མེད་ཀྱི་མི་ཞིག་གིས་གསང་སྡོམ་གྲོལ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན།
གསང་སྡོམ་གྱི་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད།
གསང་སྡོམ་གྱིས་གྲངས་ཀའི་བརྩི་ཚུལ་བེད་སྤྱད་དེ་ཁྱེད་ཀྱི་གནས་ཚུལ་གསང་རྒྱའི་ངོ་བོ་ལྡན་པ་ཞིག་ཏུ་བསྒྱུར་གྱི་ཡོད།དེ་ནས་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་ཡིག་ཆ་དེ་ཁྱེད་རང་གི་གཏང་ཡུལ་ལ་བརྒྱུད་གཏོང་བྱེད་ཀྱི་ཡོད་ལ།གཏང་སའི་མི་དེས་གསང་བའི་ལྡེ་མིག་ཞིག་བརྒྱུད་དེ་གསང་སྡོམ་གྲོལ་ཐུབ་ཀྱི་ཡོད།
གསང་སྡོམ་གྱི་ལྡེ་མིག་ཇི་ལྟར་བཟོ་གི་ཡོད་དམ།
གསང་སྡོམ་གྱི་ལྡེ་མིག་ཁག་ངེས་མེད་དམ་བྱུང་རྒྱལ་ཨང་གྲངས་བསྐྲུན་ཆས་སམ། ཡང་ན། བྱུང་རྒྱལ་ཨང་གྲངས་བསྐྲུན་ཆས་ལ་ལད་ཟློས་བྱེད་མཁན་གྱི་གློག་ཀླད་རྩིས་འཁོར་གྱི་བརྩི་ཚུལ་ཞིག་བརྒྱུད་ནས་གསར་བསྐྲུན་བྱེད་ཀྱི་ཡོད། གློག་ཀླད་རྩིས་འཁོར་གྱིས་དེ་ལས་རྙོག་འཛིང་ལྡན་པའི་གསང་སྡོམ་གྱི་ལྡེ་མིག་ཁག་རྩིས་འཁོར་གྱི་ཙི་ཙིའི་འགུལ་བསྐྱོད་བརྒྱུད་ནས་བཟོ་ཐུབ་ཀྱི་ཡོད།དེང་རབས་ཀྱི་མ་ལག་ཁག་ལ་དེ་ལས་གསང་ཆ་ལྡན་ཞིང་།ཚོགས་ཐུན་རེ་རེའི་སྐབས་སུ་གསང་སྡོམ་གྱི་ལྡེ་མིག་གསར་པ་རེ་རེ་བསྐྲུན་ཏེ།བདེ་འཇགས་ཀྱི་བང་རིམ་འཕར་མ་ཞིག་ཁ་སྣོན་བྱེད་ཀྱི་ཡོད།
ལྡེ་མིག
ལྡེ་མིག་ནི་གསང་སྡོམ་གྱི་གསང་གྲོལ་གྱི་གཞི་གྲངས་ཀྱི་ཆེད་དུ་བསྐྲུན་པའི་ངེས་མེད་ཀྱི་ཡིག་རྟགས་ཀྱི་ཕྲེང་བ་ཞིག་ལ་ཟེར་ཞིང་། ཡིག་རྟགས་ཀྱི་ཕྲེང་བ་དེ་ཚོ་བཀོལ་སྤྱོད་བྱས་ཏེ། ཡིག་ཆ་ཁག་ལ་གསང་སྡོམ་དང་གསང་གྲོལ་གྱི་ནུས་པ་བསྐྲུན་གྱི་ཡོད། ལྡེ་མིག་བྱེ་བྲག་རེ་རེ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། ལྡེ་མིག་དེ་གློག་ཀླད་རྩིས་འཁོར་གྱི་བརྩི་ཚུལ་བརྒྱུད་ནས་བསྐྲུན་པ་ཡིན་པས། དེ་གཞན་གྱིས་ཚོད་དཔག་བྱེད་མི་ཐུབ་པ་ཡིན་པའི་ཁག་ཐེག་བྱེད་ཀྱི་ཡོད། ལྡེ་མིག་རིང་པོ་ཡིན་ན། གཞན་གྱིས་གཏོར་རྒྱུ་ཧ་ཅང་ཁག་པོ་ཡོད། དོ་མཉམ་ལྡེ་མིག་བརྩི་ཚུལ་ལྟར་ན། སྤྱིར་བཏང་གི་ལྡེ་མིག་ཅིག་ལ་ཡིག་རྟགས་ཀྱི་ཕྲེང་རྡོག་གམ་ bits་༡༢༨ ཡོད་པ་དང་། སྤྱི་བའི་ལྡེ་མིག་བརྩི་ཚུལ་ལྟར་ན། bits་༢༠༤༨ཡོད།
སྒེར་གྱི་ལྡེ་མིག
སྒེར་གྱི་ལྡེ་མིག་ཟེར་དུས།གསང་སྡོམ་དང་གསང་གྲོལ་གྱི་ལྡེ་མིག་གཅིག་པ་ཡིན་ལ།གང་ཟག་གཉིས་ཀྱི་བར་ལ་བདེ་འཇགས་ཀྱི་འབྲེལ་མཐུད་མ་བསྐྲུན་པའི་སྔོན་དུ།མི་དེ་གཉིས་ཀར་གཅིག་མཚུངས་ཡིན་པའི་ལྡེ་མིག་དེ་ངེས་པར་དུ་དགོས་ཀྱི་ཡོད།
ཡོངས་ཁྱབ་ཀྱི་ལྡེ་མིག
ཡོངས་ཁྱབ་ཀྱི་ལྡེ་མིག་ཟེར་དུས།གསང་སྡོམ་གྱི་ལྡེ་མིག་དེ་ཡོངས་ཁྱབ་ཀྱི་ཐོག་ནས་ཁྱབ་སྤེལ་བྱས་ཡོད་པས།མི་ཚང་མར་རེག་ཐུབ་ཀྱི་ཡོད་པ་མ་ཟད།་བཀོལ་སྤྱོད་བྱེད་ཀྱི་ཡོད།འོན་ཀྱང་།གསང་གྲོལ་གྱི་ལྡེ་མིག་རེག་ཐུབ་པ་ཡིན་ན།ད་གཟོད།ཡིག་ཆ་འབྱོར་སའི་མི་དེས་ཡིག་ཆའི་ནང་དོན་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།
གསང་ཡིག
གསང་ཡིག་ནི།བརྩི་ཚུལ་ཞིག་ཡིན་ལ།དེ་བཀོལ་སྤྱོད་བྱས་ཏེ་གསང་སྡོམ་དང་གསང་གྲོལ་བྱེད་ཀྱི་ཡོད།གསང་ཡིག་ཟེར་བ་དེ་བྱ་བའི་བརྒྱུད་རིམ་ཞིག་ཡིན་ལ།གོ་རིམ་མང་པོ་བརྒྱུད་དེ་གནས་ཚུལ་རིགས་གསང་སྡོམ་གྱི་ནུས་པ་ཡོད་པ་བཟོ་གི་ཡོད།གསང་ཡིག་ལ་རིགས་མི་འདྲ་བ་གཉིས་ཡོད་ལ།དེ་དག་ནི།ཆ་བགོས་གསང་ཡིག་དང་བཞུར་བའི་གསང་ཡིག་གཉིས་ཡིན།
བརྩི་ཚུལ།
བརྩི་ཚུལ་ནི། གསང་སྡོམ་གྱི་བརྒྱུད་རིམ་གྱིས་བརྩི་སྲུང་བྱེད་པའི་བྱ་བའི་བརྒྱུད་རིམ་ལ་ཟེར། བྱེ་བྲག་གི་བརྩི་ཚུལ་ལ་གསང་ཡིག་དང་ཨང་ཚབ་ཅེས་འབོད་ཀྱི་ཡོད། གསང་སྡོམ་གྱི་བརྩི་ཚུལ་ལ་རིགས་མི་འདྲ་བ་མང་པོ་ཡོད། གསང་སྡོམ་གྱི་དམིགས་ཡུལ་དང་། བདེ་འཇགས་ཀྱི་ཚད་གཞི་ཡིས་ཆེས་ནུས་པ་ལྡན་པའི་ཐབས་ལམ་ཐག་གཅོད་བྱེད་ཀྱི་ཡོད། Triple DES དང་། RSA Blowfish་སོགས་ནི།གསང་སྡོམ་གྱི་བརྩི་ཚུལ་ལམ།གསང་ཡིག་གི་དཔེ་མཚོན་ཁ་ཤས་ཤིག་རེད།
གསང་གྲོལ།
གསང་གྲོལ་ནི། ཀློག་མི་ཐུབ་པའི་ཡི་གེའི་ནང་དོན་ཀློག་ཐུབ་པ་བཟོ་བའི་བརྒྱུད་རིམ་ལ་ཟེར།
འཕྲིན་ཐུང་གླེང་མོལ་བཀོལ་ཆས་ནང་གི་སྣེ་གཉིས་བར་གྱི་གསང་སྡོམ།
Whatsapp དང་ Zom ལྟ་བུའི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་ནང་གི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་དེས། ཁྱེད་རང་དང་ཁྱེད་རང་གི་འབྲེལ་མཐུད་བྱ་སའི་མི་གཉིས་ཁོ་ནས་མ་གཏོགས། བར་ནས་མི་གཞན་པ་དང་། ཐ་ན།Whatsapp དང་ Zom་བཀོལ་ཆས་འཛིན་སྐྱོང་བྱེད་མཁན་གྱི་མིས་ཀྱང་ཅི་ཞིག་བཏང་ཡོད་མེད་ལྟ་ཀློག་བྱེད་མི་ཐུབ།ཁྱེད་ཀྱི་འཕྲིན་ཐུང་ཁག་ཟྭ་བརྒྱབ་ཏེ་བརྟན་པོ་བཟོས་ཡོད་ལ།ཁྱེད་རང་དང་འཕྲིན་ཐུང་གཏང་ཡུལ་གཉིས་ཀར་དམིགས་བསལ་གྱི་ལྡེ་མིག་དགོས་ཀྱི་ཡོད།དེ་བཀོལ་སྤྱོད་བྱས་ཏེ་ཟྭ་སྒོ་ཕྱེས་རྗེས།འཕྲིན་ཐུང་གི་ནང་དོན་ཀློག་ཐུབ་ཀྱི་ཡོད།
ཁྱེད་རང་གི་དྲ་རྒྱ་བཤེར་ཆས་དེ་HTTPS ཡོད་པའི་དྲ་ཚིགས་ཤིག་ལ་ཐད་ཀར་མཐུད་པའི་སྐབས་སུ། ཁྱེད་ཀྱི་དྲ་རྒྱའི་འབྲེལ་མཐུད་གསང་སྡོམ་བྱས་ཡོད་རུང་། འདི་ནི་སྣེ་གཉིས་བར་གྱི་གསང་སྡོམ་མིན། སྣེ་གཉིས་བར་གྱི་གསང་སྡོམ་གྱིས་དྲ་རྒྱ་བཤེར་ཆས་དང་དྲ་བའི་ཞབས་ཞུ་གཉིས་བར་གྱི་དྲ་བའི་བཞུར་རྒྱུན་ནམ་ཡང་གསང་གྲོལ་མི་བྱེད། ངོ་དེབ་ཚང་གི་Messenger གླེང་མོལ་བཀོལ་ཆས་ཀྱིས།རང་འགུལ་གྱི་ཐོག་ནས་འཕྲིན་ཐུང་གཏོང་མཁན་གྱི་འཕྲིན་ཐུང་གསང་སྡོམ་བྱས་ཏེ་དྲ་བའི་ཞབས་ཞུའི་སར་གཏོང་གི་ཡོད་ལ།དེ་ནས།ཡང་བསྐྱར་དྲ་བའི་ཞབས་ཞུ་དང་འཕྲིན་ཐུང་གཏང་ཡུལ་གཉིས་ཀྱི་བར་ལ་གསང་སྡོམ་གྱི་ནུས་པ་མཁོ་སྤྲོད་བྱེད་ཀྱི་ཡོད།
མཐོ་རིམ་གསང་སྡོམ་ཚད་གཞི((AES))ནི།དོ་མཉམ་པའི་ལྡེ་མིག་གི་གསང་སྡོམ་ཞིག་ཡིན་སྟབས།མི་གཞན་གྱིས་གསང་སྡོམ་བྱས་ཡོད་པའི་ཡིག་ཆའི་ནང་དོན་ལྟ་ཀློག་བྱེད་དགོས་ཚེ།ཁྱེད་ཀྱིས་ལྡེ་མིག་དེ་ཁོང་ཚོར་བརྒྱུད་སྐུར་བྱེད་དགོས་ཀྱི་ཡོད།དེ་མ་ཚད།གལ་ཏེ།ཁྱེད་ལ་ལྡེ་མིག་དེ་བརྒྱུད་གཏོང་བྱ་སའི་ཚད་ལྡན་གྱི་ལམ་ཁ་ཞིག་མེད་ཚེ།ཆོག་མཆན་མེད་པའི་མི་གཞན་པས་བར་ལོགས་ནས་ལྡེ་མིག་དེ་བཀོལ་སྤྱོད་བྱས་ཏེ།གསང་སྡོམ་བྱས་ཡོད་པའི་ཡིག་ཆའི་ནང་དོན་ཆ་ཚང་གསང་གྲོལ་བྱེད་ཐུབ་ཀྱི་ཡོད།གསང་བའི་རང་བཞིན་ཅན་གྱི་གླེང་མོལ་གྱི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་དེས་ཁྱེད་རང་གི་གླེང་མོལ་ཁག་བདེ་འཇགས་དང་བརྟན་པོ་བཟོ་བར་རོགས་འདེགས་བྱེད་ཀྱི་ཡོད།སྣེ་གཉིས་བར་གྱི་གསང་སྡོམ་ཟེར་དུས།ཡོ་ཆས་གཉིས་སམ་ཁ་པར་གཉིས་བར་གྱི་གླེང་མོལ་ཁག་གསང་སྡོམ་བྱས་ཡོད་པ་ཞིག་ལ་གོ་བས།གླེང་མོལ་གྱི་ནང་དོན་དེ་འཕྲིན་ཐུང་གཏོང་མཁན་དང་གཏང་ཡུལ་གཉིས་ཀས་མ་གཏོགས།གཞན་སུ་ཞིག་གིས་ཀྱང་ལྟ་ཀློག་བྱེད་མི་ཐུབ།གསང་བའི་ལྡེ་མིག་གིས་མཐའ་སྣེ་རུ་ཉར་ཚགས་བྱས་ཡོད་པའི་འཕྲིན་ཐུང་རིགས་གསང་སྡོམ་དང་གསང་གྲོལ་བྱེད་ཀྱི་ཡོད།ཡོངས་ཁྱབ་ཀྱི་ལྡེ་མིག་གི་གསང་སྡོམ་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ཐབས་རྩལ་འདི་ཡོང་ཐུབ་པ་བཟོས་ཡོད།
ཐེངས་དང་པོར་ཡོངས་ཁྱབ་ཀྱི་བཀོལ་སྤྱོད་བྱས་པའི་སྣེ་གཉིས་བར་གྱི་གསང་སྡོམ(E2EE)འཕྲིན་ཐུང་མཉེན་ཆས་ནི། Pretty Good Privacy ཟེར་བ་དེ་ཡིན་ལ།མཉེན་ཆས་དེས་ཡིག་ཟམ་དང་ཉར་ཚགས་བྱས་པའི་ཡིག་ཆ་ཁགད་དུང་གློག་རྡུལ་གྱི་མིང་རྟགས་སོགས་བརྟན་པོ་བཟོས་ཡོད།འཕྲིན་ཐུང་གླེང་མོལ་བཀོལ་ཆས་ཁག་གིས་ནམ་རྒྱུན་སྣེ་གཉིས་བར་གྱི་གསང་སྡོམ་བཀོལ་སྤྱོད་བྱེད་ཀྱི་ཡོད།
གསང་སྡོམ་ནི་གནས་ཚུལ་དང་གཞི་གྲངས་རིགས་གསང་ཨང་ནང་བསྒྱུར་ཏེ། ཆོག་མཆན་མེད་པའི་མིས་ཡིག་ཆའི་ནང་དོན་ལ་ལྟ་མི་ཐུབ་པ་བཟོ་བའི་བརྒྱུད་རིམ་ཞིག་ལ་ཟེར། འཕྲིན་ཐུང་ལ་ཆ་བཞག་ནས་བཤད་ན།་སྣེ་གཉིས་བར་གྱི་གསང་སྡོམ་ལ་ E2EE་ཟེར་ཞིང་། དེ་ནི་འབྲེལ་མཐུད་ཀྱི་མ་ལག་ཅིག་ཡིན་ལ། དེའི་ནང་དུ་འཕྲིན་ཐུང་གཏོང་མཁན་དང་གཏང་ཡུལ་གཉིས་ཀས་མ་གཏོགས། འཕྲིན་ཐུང་གི་ནང་དོན་ལྟ་ཀློག་བྱེད་མི་ཐུབ། སྣེ་གཉིས་ཟེར་དུས། འཕྲིན་ཐུང་གཏོང་མཁན་དང་གཏང་ཡུལ་གཉིས་ཀའི་ས་རུ། འཕྲིན་ཐུང་གི་ནང་དོན་གསང་སྡོམ་བྱས་ཡོད་པ་ཞིག་ལ་གོ གལ་ཏེ། ཁྱེད་རང་གི་འཕྲིན་ཐུང་གསང་སྡོམ་བྱས་ཡོད་ཚེ། འཕྲིན་ཐུང་དེ་ཁྱེད་རང་གི་གཏང་ཡུལ་གྱི་མི་དེས་མ་གཏོགས། བར་ནས་མི་གཞན་གྱིས་ལྟ་ཀློག་བྱེད་མི་ཐུབ་པ་མ་ཟད། ཐ་ན། གློག་འཕྲིན་སྤྱི་གཉེར་ཁང་(ཀུང་ཟི)་དང་། དྲ་རྒྱའི་མཁོ་འདོན་ཚོང་ཁང་། བརྡ་འཕྲིན་ཞབས་ཞུ་ཚོང་ཁང་སོགས་ཀྱིས་ཀྱང་། ཁྱེད་ཀྱི་འཕྲིན་ཐུང་གཏོང་བ་དང་ཁ་པར་གཏོང་བ་ལ་སོགས་པའི་བྱེད་ལས་ཁག་ལ་ཐེ་བྱུས་བྱེད་མི་ཐུབ། ཁྱེད་རང་གི་འཕྲིན་ཐུང་ཁག་མགོ་ཉོག་ཆེ་བའི་T!BRs2s%).gpl23་ལྟ་བའི་གསང་ཡིག་གི་ནང་དུ་བྲིས་ཡོད་སྟབས། མི་གཞན་གྱིས་དེའི་ནང་དོན་ག་རེ་ཡིན་མིན་རྩ་བ་ནས་ཤེས་ཐབས་མེད།་
སྣེ་གཉིས་བར་གྱི་གསང་སྡོམ་ཟེར་དུས། འཕྲིན་ཐུང་ཞབས་ཞུའི་མཉེན་ཆས་ཞིག་གི་ནང་དུ་མི་གཉིས་ཕན་ཚུན་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་དང་། མི་གཉིས་ཀར་གསང་སྡོམ་གྱི་ལྡེ་མིག་ཅིག་ཡོད། ཁོ་གཉིས་བར་དུ་གཏོང་རེས་བྱས་པའི་འཕྲིན་ཐུང་ཁག་གསང་སྡོམ་བྱས་ཡོད་པས། ཁོ་གཉིས་ཀས་མ་གཏོགས། འཕྲིན་ཐུང་གི་ནང་དོན་ཀློག་མི་ཐུབ། ངེས་པར་དུ་ཤེས་དགོས་པའི་དོན་གནད་གལ་ཆེན་ཞིག་ནི། ཁོ་གཉིས་གླེང་མོལ་བྱེད་སའི་སྡིངས་ཆ་དེར་འཇབ་རྒོལ་ཐེབས་པའི་དབང་དུ་བཏང་ཡང་། གསང་སྡོམ་གྱི་ལྡེ་མིག་དེ་མེད་ཚེ། མི་སུ་ཞིག་གིས་ཀྱང་གླེང་མོལ་གྱི་ནང་དོན་ལྟ་ཀློག་བྱེད་མི་ནུས། དེའི་དོན་ནི། འཕྲིན་ཐུང་གཏོང་མཁན་དང་གཏང་ཡུལ་གཉིས་ཀས་མ་གཏོགས་འཕྲིན་ཐུང་གི་ནང་དོན་མཐོང་མི་ཐུབ། གླེང་མོལ་བྱེད་མཁན་གྱི་མི་གཉིས་ཀར་མ་གཏོགས་གསང་སྡོམ་གྱི་ལྡེ་མིག་དེ་མེད་པས། འཕྲིན་ཐུང་གླེང་མོལ་གྱི་ཞབས་ཞུ་སྤྲོད་མཁན་རིགས་དཔེར་ན། ངོ་དེབ་དང་། Whatsapp དང་། Zom སོགས་ལ། དྲ་ལམ་དུ་ཁྱེད་ཀྱིས་བཏང་བའི་འཕྲིན་ཐུང་གི་ནང་དོན་ལ་ལྟ་བའི་ནུས་པ་ཀླད་གོར་ཡིན།
ཁྱེད་རང་གི་གླེང་མོལ་བརྟན་པོ་བཟོས།
འཕྲིན་ཐུང་གླེང་མོལ་མཉེན་ཆས་ཁག་ནང་གི་རང་ཉིད་ཀྱི་འབྲེལ་མཐུད་ཁག་ལ་བདེ་འཇགས་ཀྱི་གནས་རིམ་མཐོ་ཤོས་དེ་ཡོད་པའི་ཁག་ཐེག་བྱོས།
མཉེན་ཆས་ཐོན་གསར་པ་ཞིག་ཕྱི་ལ་ཐོན་དུས། རྟག་དུ་གསར་སྣོན་བྱོས།
མཉེན་ཆས་ཐོན་གསར་པ་ཁོ་ནས་སྣེ་གཉིས་བར་གྱི་གསང་སྡོམ་ཁག་ཐེག་བྱེད་ཐུབ།
རང་ཉིད་ཀྱི་ངོ་ཤེས་དང་། ཡིད་ཆེས་ཡོད་སའི་མི་ལ་འབྲེལ་བ་བཟོས།
ངོ་མི་ཤེས་པའི་ཨང་གྲངས་དང་ཁ་བྱང་བརྒྱུད་ནས་འབྱོར་བའི་འཕྲིན་ཐུང་རིགས་བཀག་འགོག་བྱོས།
དོགས་པ་ཡོད་སའི་འཕྲིན་ཐུང་ཁག་རྩ་བ་ནས་ཁ་མ་འབྱེད།
སྣེ་གཉིས་བར་གྱི་གསང་སྡོམ་གྱིས།གླེང་མོལ་གྱི་བརྒྱུད་རིམ་ཁྲོད་དུ་བསྐུར་བའི་ཡིག་ཆ་དང་གནས་ཚུལ་རིགས་ཁྱེད་ལ་མ་འབྱོར་བའི་བར་གྱི་ལམ་བར་དུ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་གཏོགས།གནས་ཚུལ་དང་ཡིག་ཆ་དེ་དག་ཁྱེད་རང་གི་ཁ་པར་ནང་འབྱོར་ཚར་བའི་རྗེས་སུ།གལ་ཏེ་ཁྱེད་ཀྱི་ཁ་པར་མི་གཞན་པའི་ལག་ཏུ་ཤོར་ན།དེ་དག་མི་སུས་ཀྱང་ལྟ་ཀློག་བྱེད་ཐུབ་པ་ཡིན་ནོ།།