བོད་ཁུལ་གྱི་5G དྲ་བའི་འཕྲུལ་ཆས།

ཀྲུང་གོའི་སྲིད་གཞུང་གིས་རྒྱ་གར་གྱི་ས་མཚམས་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་དུ་5G་ས་ཚིགས་གསུམ་གསར་འཛུགས་བྱས་ཡོད་ལ། དེ་འཛུགས་དགོས་པའི་དམིགས་ཡུལ་ནི། དྲ་ལམ་འབྲེལ་མཐུད་ཡར་རྒྱས་བཏང་སྟེ། ས་གནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཆེད་དུ་ཡིན་སྐོར་བརྗོད་ཡོད། འོན་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། 5G དྲ་བའི་འབྲེལ་མཐུད་ཀྱིས། ཀྲུང་གོའི་དམག་དོན་དང་འབྲེལ་བའི་དམིགས་ཡུལ་མང་དག་ཅིག་ལེགས་འགྲུབ་བྱེད་པར་རོགས་འདེགས་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། དེའི་ཁོངས་སུ། རི་མཐོའི་རྒྱལ་མཚམས་དོ་དམ་དང་། གོ་མཚོན་དབོར་འདྲེན་སོགས་ཚུད་ཡོད།

ཁང་ཁྱིམ་གྱི་ཕྱི་ལོགས་སུ་ཚོད་ལྟ་བྱས་པ་ལྟར་ན། བོད་ཁུལ་དུ་ཡོད་པའི་5G་ས་ཚིགས་ཀྱིས། ཆ་སྙོམས་ཀྱི་དྲ་བའི་མགྱོགས་ཚད་ 500 Mbps མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་དང་།  1GB ཅན་གྱི་ཡིག་ཆ་ཞིག་སྐར་ཆ་གཉིས་ཀྱི་ནང་དུ་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་ཀྲུང་གོ་འཁྱེར་འཕྲིན (中国移动གྱི་བོད་ཁུལ་གྱི་ཡན་ལག་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་ཡོད།

ཀྲུང་གོའི་བོད་ལྗོངས་དྲ་བའི་དྲ་ཚིགས་སུ་གནས་ཚུལ་འཁོད་གསལ་ལྟར་ན། ཀྲུང་གོ་འཁྱེར་འཕྲིན་བཟོ་ཚོང་ཁང་གིས། 5G ལྟེ་གནས་ས་ཚིགས་དེ་ལྷ་སའི་ནང་གི་ས་གནས་ལས་ཁུངས་དང་།གློག་འཕྲིན་སློབ་གྲྭ།བོད་ལྗོངས་སྦྲག་ཁང་གི་ལྷ་སའི་ལས་ཁུངས་བཅས་སུ་བཙུགས་ཡོད་པ་དང་། གློག་འཕྲིན་སློབ་གྲྭ་དང་བོད་ལྗོངས་སྦྲག་ཁང་གི་ལྷ་སའི་ལས་ཁུངས་ཀྱི་5G དྲ་བའི་ཞབས་ཞུ་ད་ལྟ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་སྐོར་གསལ་འདུག

བོད་པའི་སྤྱི་ཚོགས་ཁྲོད་དུ། དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་མགྱོགས་མྱུར་ངང་ཡར་འཕར་ཡོད་ལ། བོད་ལྗོངས་ཆ་འཕྲིན་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་བརྗོད་གསལ་ལྟར་ན། སྤྱི་ལོ་༢༠༡༨་ལོར། བོད་ལྗོངས་ཁུལ་དུ་3G དང་ 4G་དྲ་བ་བཀོལ་སྤྱོད་བྱེད་མཁན་ས་ཡ་༢་དང་།་གྲངས་ཆུང་༧༦་ཡོད་པ་དེས། ས་གནས་གྲངས་འབོར་གྱི་བརྒྱ་ཆ་83.35་ཟིན་ཡོད་སྐོར་བརྗོད་འདུག་

རྩ་བའི་ཆ་ནས། བཟོ་ལས་ཡར་རྒྱས་ཆེན་པོ་མེད་པའི་བོད་ཀྱི་ས་ཁུལ་དུ་ཚད་མཐོ་བའི་5G དྲ་བའི་འཕྲུལ་ཆས་གསར་འཛུགས་བྱེད་དགོས་དོན་མེད། དེར་བརྟེན། དོན་དངོས་ཐོག 5G དྲ་བའི་འཕྲུལ་ཆས་གསར་འཛུགས་ཀྱི་རྒྱུ་མཚན་གཙོ་བོ་ནི། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་བཟོ་བའི་ཆེད་དུ་ཡིན། གང་ཡིན་ཞེ་ན། 5G དྲ་བའི་འཕྲུལ་ཆས་ཀྱིས། མི་ཚོགས་སྟོང་ཕྲག་མང་པོའི་གྲས་ནས མི་རེ་རེ་མགྱོགས་མྱུར་ངང་ངོས་འཛིན་དང་རྗེས་འདེད་གཏོང་བར་རོགས་འདེགས་བྱེད་ཐུབ།

སྤྱི་ལོ་༢༠༡༨་ལོར། སྲིད་གཞུང་གིས་རང་འགུལ་གྱི་ཐོག་ནས་གསང་མྱུལ་བྱེད་པའི་དམིགས་ཡུལ་གྱི་ཆེད་དུ། མུ་མཐུད་ནས་མིའི་རིགས་རྒྱུན་རྡུལ་རྫས་DNA དང་། སྐད་སྒྲ་སོགས་ཕྱོགས་བསྡུས་བྱས་ཡོད་ལ། རྒྱལ་ཡོངས་སུ་བྱ་དགའ་སྤྲོད་པ་དང་ཉེས་པ་གཏོང་བའི་༼   སྤྱི་ཚོགས་ཡིད་རྟོན་མ་ལག  ༽  ཟེར་བ་ཞིག་གསར་འཛུགས་བྱས་ཡོད་ལ། མ་ལག་དེས་གཞི་གྲངས་ཆེན་པོ་གསོག་ཉར་བྱས་ཏེ། ཁྲིམས་ནང་དུ་གསལ་བའི་མི་སྒེར་གྱི་གསང་རྒྱའི་ཐོབ་ཐང་ལ་ལག་ལེན་ངོས་ཐོག་ནས་དོ་ཕོག་བཟོས་ཡོད་མ་ཟད། སྲིད་གཞུང་གིས་མང་ཚོགས་དོ་དམ་བྱེད་སྤྱད་ཀྱི་མ་ལག་འདི་ད་ཆ་རྒྱལ་ཁབ་གཞན་པའི་ནང་དུའང་ཕྱིར་འདྲེན་བྱེད་ཀྱི་ཡོད།

མང་ཚོགས་དོ་དམ་དང་སྤྱི་ཚོགས་བརྟན་ལྷིང་གི་ཆེད་དུ། སྲིད་གཞུང་གིས་འགྲོ་གྲོན་ཕོན་ཆེན་པོ་བཏང་སྟེ། ཁྱབ་ཆེ་བའི་གསང་མྱུལ་གྱི་མ་ལག་གསར་སྐྲུན་བྱས་ཡོད། དེ་ཡང་ཤེས་གསལ་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས། རང་རྒྱལ་གྱི་ས་ཁོངས་སུ་སྔར་ཡོད་ཀྱི་གཟུགས་རིས་ངོས་འཛིན་བརྙན་མིག་ས་ཡ་༥༠་ཡི་སྒང་དུ། ལྟ་སྐུལ་ཚོད་འཛིན་བརྙན་མིག་ས་ཡ་༢༠༠ ཙམ་གསར་དུ་བཙུགས་ཡོད་འདུག་ལ། ཚད་མཐོ་བའི་5G དྲ་བའི་འཕྲུལ་ཆས་བརྒྱུད་དེ། མི་སྒེར་དང་ལྷག་པར་ཉེས་ཅན་མི་སྣའི་རིགས། མགྱོགས་པོར་ངོས་འཛིན་དང་འཛིན་བཟུང་བྱེད་ཐུབ་ཀྱི་ཡོད།

 རྒྱ་གར་རྒྱལ་ཁབ་ནི་ཨེ་ཤེ་ཡའི་ནང་གི་སྟོབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། 5G དྲ་བ་དེ་རྒྱལ་ཁབ་བདེ་འཇགས་ལའང་འབྲེལ་བ་ཆེན་པོ་ཡོད། གང་ཡིན་ཞེ་ན། 5G དྲ་བའི་ནུས་པ་ལ་བརྟེན་ནས། རྒྱལ་མཚམས་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཀྱི་ཡོད།

འབྲེལ་མཐུད་ཀྱི་འཕྲུལ་ཆས་ཁག་གིས་མིའི་འཚོ་བ་ཧ་ཅང་སྟབས་བདེ་པོ་བཟོས་ཡོད་རུང་། དུས་མཚུངས་སུ། དྲ་བར་མཐུད་པའི་ཁ་པར་བརྒྱུད་ནས། དཀའ་སྡུག་ཀྱང་གང་མང་མྱོང་གི་ཡོད། རང་རྒྱལ་ལ་ཚད་མཐོ་བའི་དྲ་བའི་འཕྲུལ་ཆས་ཡོད་པས། དྲ་བའི་དོ་དམ་གྱི་སྡེར་མོའི་ནང་ནས་ཐར་རྒྱུ་ལས་སླ་མོ་མིན།

དཔྱད་གཞི། 

http://www.globaltimes.cn/content/1140618.shtml

http://www.xinhuanet.com/english/2019-03/01/c_137860810.htm

https://www.hrw.org/world-report/2019/country-chapters/china-and-tibet

Leave a Reply

Your email address will not be published. Required fields are marked *