ཀུ་ཤུ་ཁ་པར་ཐོན་༡༡ པ་གང་མགྱོགས་ཁྲོམ་རར་ཐོན་ལ་ཉེ་བའི་དུས་འདིར། མི་མང་པོ་ཞིག་གིས་ཁ་པར་གསར་པ་འདིའི་བྱེད་ནུས་དང་ཁྱད་ཆོས། བཟོ་དབྱིབས་སོགས་ཀྱི་སྐོར་ལ་གླེང་སློང་ཤུགས་ཆེར་བྱེད་ཀྱིན་འདུག་པས། འདིར་ཉམས་ཞིབ་པ་མང་པོ་ཞིག་གིས་བྲིས་པའི་བསྐྱར་ཞིབ་ཁག་ཕྱོགས་བསྡུས་བྱས་ཏེ། ཚང་མས་གོ་བདེ་བ་ཞིག་མར་འབྲི་འདོད། དེ་ཡང་། ཀུ་ཤུ་ཁ་པར་ཐོན་༡༡ པ་ལ་བསྐྱར་ཞིབ་བྱེད་པར། ཐོན་སྔོན་མའི་ཀུ་ཤུ་༡༠་ལ་བསྡུར་ནས་གླེང་ན། ད་གཟོད་ཁ་པར་གྱི་སྤུས་ཚད་ག་ཚོད་ཅིག་ཡར་རྒྱས་བཏང་ཡོད་མེད་གསལ་པོ་རྟོགས་ཐུབ་པ་ཡིན།
འོན་ཀྱང་། དེ་དག་གི་སྐོར་ལ་རྒྱས་པ་མ་གླེང་བའི་སྔོན་དུ། ཁ་པར་གསར་བ་འདིའི་ནང་གི་ཡིད་འགུ་ནུས་པའི་ཁྱད་ཆོས་གསར་པ་ཁ་ཤས་ཡོད་པ་དེ་དག་ལ་མཉམ་དུ་ལྟ།
ཁ་པར་གསར་པ་ཞིག་ཉོ་བའི་སྐབས་སུ། དང་ཐོག་ང་ཚོའི་སེམས་ལ་འཁོར་བའི་དྲི་བ་ཞིག་ནི། ཁ་པར་གྱི་་གློག་རྫས་ག་ཚོད་འདང་མིན་སྐོར་ཡིན། ཀུ་ཤུ་ཁ་པར་ཐོན་༡༡ གི་གློག་གི་འདང་ཚད་དེ། ཀུ་ཤུ་ཁ་པར་ཐོན་སྔོན་མ་XR་དང་བསྡུར་ན། ཆུ་ཚོད་གཅིག་གི་མང་བ་འདང་གི་ཡོད། ད་དུང་། ཀུ་ཤུ་ཁ་པར་ཐོན་༡༡ གི་ནང་དུ། བྱང་བུ་(nano-Sim་བྱང་བུ་དང་། eSIM་བྱང་བུ་)གཉིས་ལས་ཀ་བྱེད་ཐུབ་ཀྱི་་ཡོད།
ཁ་པར་འདིའི་ནང་དུ་A13 Bionic chip ་ཟེར་བའི་ཉིང་ལྷེབ་ཅིག་བཀོལ་སྤྱོད་བྱས་ཡོད་ལ། དེ་ནི་ལག་ཐོག་ཁ་པར་ཞིག་གི་ནང་དུ་བཀོལ་སྤྱོད་བྱས་པའི་དབུས་ཐག་གཅོད་འཕྲུལ་ཆས་(CPU)་ཚད་མཐོ་ཤོས་དེ་ཆགསཡོད།
བཟོ་དབྱིབས།
ཀུ་ཤུ་ཁ་པར་ཐོན་༡༡ པའི་ཕྱི་ཐུམ་ཧ་ཡང་གིས་བཟོས་ཡོད་པས། ཁ་པར་རྒྱུན་རིང་པོར་འདང་ངེས། ཁ་པར་གྱི་སྤྱིའི་སྒྲོམ་གཞི་དེ་ཀུ་ཤུ་ཁ་པར་ཐོན་སྔོན་མ་XR་དང་གཅིག་པ་ཡིན་ཡང་། རྒྱབ་ཏུ་ཚོར་འདྲེན་ཆས་གཉིས་ཡོད་པའི་གྲུ་བཞི་ཁ་གང་མའི་དབྱིབས་ཅན་གྱི་པར་ཆས་ཆེན་པོ་ཡོད།
ཁ་པར་ཐོན་གསར་པ་དེ་དམར་པོ་དང་། དཀར་པོ། ལྗང་ཁུ། ནག་པོ། སེར་པོ། རྒྱ་སྨུག་བཅས་ཁ་དོག་མི་འདྲ་བ་དྲུག་གི་ནང་དུ་བཟོས་ཡོད།
ཁ་པར་གྱི་ཆེ་ཆུང་ལ 150.9 ལི་རྨིད x 75.7ལི་རྨིད x 8.3 ལི་རྨིད་དང་། ལྗིད་ཚད་ལ་ཁེ་194 ཡོད།
ས་རྡུལ་དང་ཆུ་འགོག་གི་ནུས་པའི་ཚད་གཞི IP68 ཡིན་ལ། གཏིང་ཚད་ལ་རྨིད་༢་ཙམ་ཡོད་པའི་ཆུ་ནང་དུ་ལྷུང་སྟེ་སྐར་མ་༣༠་འགོར་ཀྱང་། ཁ་པར་གྱི་ནང་དུ་ཆུ་འཛུལ་མི་ཐུབ།
འཆར་ངོས།
འཆར་ངོས་ཀྱི་ཆེ་ཆུང་ལ་ 6.1 inches ཡོད་པས།ཀུ་ཤུ་ཁ་པར་ཐོན་སྔོན་མ་XR་དང་ཆེ་ཆུང་གཅིག་པ་ཡིན།
པར་ཆས་ཀྱི་སྤུས་ཀ
རྒྱབ་ཏུ་ཚོར་འདྲེན་ཆས་གཉིས་ཡོད་པའི་གྲུ་བཞི་ཁ་གང་མའི་དབྱིབས་ཅན་གྱི་པར་ཆས་ཆེན་པོ་དེ་དག་གི་ཤུགས་ཚད་ནི། 12MP ་ཡིན། ཕྱོགས་རྒྱ་ཆེན་པོ་ལེན་ཐུབ་པའི་ནམ་རྒྱུན་གྱི་པར་ཆས་ཤིག་དང་། ཕྱོགས་རྒྱ་ཧ་ཅང་ཆེན་པོ་ལེན་ཐུབ་པའི་པར་ཆས་བཅས་གཉིས་ཡོད། ཀུ་ཤུ་ཁ་པར་ཐོན་སྔོན་མ་XR ཡི་རྒྱབ་ན་ཚོར་འདྲེན་ཆས་གཅིག་མ་གཏོགས་མེད། ཁ་པར་༡༡་ནང་གི་པར་ཆས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་ཡོད་པས། སྤུས་ཚད་ལྡན་པའི་པར་ཡག་པོ་ལེན་ཐུབ།
མདུན་གྱི་པར་ཆས་ཀྱི་སྤུས་ཀ་ཡང་ཇེ་ལེགས་སུ་བཏང་ཡོད་ལ། རྒྱབ་ཀྱི་པར་ཆས་ནང་བཞིན་12MP ་ཡི་ཤུགས་ཚད་ལྡན། ད་དུང་། དལ་འགུལ་གྱི་རང་པར་ལེན་པའི་གདམ་གའང་ཡོད། པར་ཆས་ཀྱི་ནང་དུ་ས་རྒྱ་ཆེན་པོ་ཤོང་བས། མི་ཚོགས་དང་། གྲོགས་པོ་ལྷན་འཛོམས་ཀྱི་འདྲ་པར་ཡག་པོ་དེ་འདྲ་ལེན་ཐུབ།
ཀུ་ཤུ་ཁ་པར་ཐོན་༡༡་གི་བརྙན་གྱི་སྤུས་ཀ་ཡང་ཇེ་ལེགས་སུ་བཏང་ཡོད། མདོར་བསྡུས་ནས་བཤད་ན། ད་ཐེངས་ཀྱི་ཁ་པར་གསར་པ་འདིའི་ཡར་རྒྱས་ཀྱི་ཆེ་ཤོས་དེ་པར་ཆས་ཆགས་ཡོད།
སྒྲ་གཟུགས་ཀྱི་སྤུས་ཀ
ཀུ་ཤུ་ཁ་པར་གཞན་དག་དང་འདྲ་བར། ཁ་པར་གྱི་སྐད་སྒྲའི་སྤུས་ཀ་བཟང་བ་མ་ཟད། སྒྲ་ཟློས་ཀྱི་རྣམ་པ་ཚང་མ་ངོས་ལེན་བྱེད་ཀྱི་ཡོད།
ཀུ་ཤུ་ཁ་པར་ཐོན་༧་ཡན་གྱི་ཁ་པར་གཞན་དག་དང་འདྲ་བར། རྣ་ཉན་འཛུགས་ས་ལོགས་ཀ་མེད། གློག་གསོག་མཐུད་སྒོ་ནང་རྣ་ཉན་བཙུགས་ནས་གཞས་ལ་ཉན་དགོས། ཁ་པར་ནང་གི་པར་དང་བརྙན་སོགས་ཀྱི་སྤུས་ཀ་ལེགས་པ་མ་ཟད། དེ་དག་ཀུ་ཤུའི་བརྙན་འཕྲིན་གྱི་ནང་དུ་འཆར་དུ་འཇུག་ཐུབ།
ཤོང་ཚད།
64GB, 128GB & 256GB
རིན་གོང་།
ཤོང་ཚད་64GB་ཅན་ལ། ཨ་སྒོར $699 (ཕལ་ཆེར་དམངས་སྒོར ¥ 4,955)
ཤོང་ཚད་ 128GB་ཅན་ལ། ཨ་སྒོར། $749 (ཕལ་ཆེར་དམངས་སྒོར ¥ 5,309)
ཤོང་ཚད་256GB ཅན་ལ། ཨ་སྒོར། $849 (ཕལ་ཆེར་དམངས་སྒོར ¥ 6,017)
བཟང་ཆ།
གློག་རྫས་ཀྱི་འདང་ཚད་རིང་བ།
ས་རྡུལ་དང་ཆུ་འགོག་གི་ནུས་པ་ཆེན་པོ་ཡོད་པ།
པར་ཆས་ཀྱི་སྤུས་ཀ་ལེགས་པ།
A13 ཐག་གཅོད་འཕྲུལ་ཆས་དབང་གིས།བྱེད་ལས་ཧ་ཅང་མགྱོགས་པ།
ཞན་ཆ།
ཁ་པར་གྱི་བཟོ་ལྟ་ལོ་སྔོན་མ་དང་གཅིག་པ་ཡིན་པ།
5G ལས་ཀ་མི་བྱེད་པ།