Mozilla ཡིག་ཆ་གཏོང་ལེན་ཞབས་ཞུ།

Mozilla བཟོ་ཚོང་ཁང་གིས་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་ཡིག་ཆ་གཏོང་ལེན་གྱི་ཞབས་ཞུ་གསར་པ་ཞིག་དྲ་ཐོག་ཏུ་རིན་མེད་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཁྱབ་སྤེལ་གནང་འདུག

སྤྱིར་དྲ་ལམ་དུ་ཡིག་ཆ་གཏོང་ལེན་བྱེད་སྤྱད་ཀྱི་ཞབས་ཞུ་མང་པོ་ཡོད་རུང་། Mozilla བཟོ་ཚོང་ཁང་གི་ Firefox Send ཟེར་བ་དེ། བཤེར་ཆས་འདྲ་མིན་གྱི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། རིན་མེད་ཡིན་ལ། གསང་སྡོམ་གྱི་ཁྱད་ཆོས་ཀྱང་ལྡན་པས། ཧ་ཅང་དམིགས་བསལ་བ་ཞིག་ཆགས་ཡོད།

གལ་ཏེ། ཁྱེད་ཀྱིས་དྲ་ལམ་དུ་ཡིག་ཆ་སྣ་ཚོགས་བརྒྱུད་གཏོང་བྱེད་དགོས་ཚེ། ཐོག་མར་Firefox Send ཡི་དྲ་ངོས་སུ་ཕེབས་ཏེ། རང་ཉིད་ཀྱིས་གཏོང་འདོད་པའི་ཡིག་ཆ་དེ་དྲ་ངོས་སུ་འདྲུད་པའམ། ཡང་ན། དྲ་ངོས་སུ་སྣོན་རྟགས་ཤིག་ཡོད་པ་དེའི་སྒང་ལ་མནན་ཏེ། ཡར་འཇུག་བྱེད་ཆོག  དྲ་ངོས་དེར་དངོས་སུ་ཐོ་འགོད་མ་བྱས་པའི་ཐོག་ནས་ཡིག་ཆའི་ཤོངས་ཚད 1 GB གཏང་ཆོག་ལ། ཐོ་འགོད་བྱས་ཚེ།  ཤོངས་ཚད 2.5 GB གཏང་ཆོག་པའི་ཐོབ་ཐང་ཡོད།

དྲ་གནས་དེར་ཡིག་ཆ་གང་རུང་ཞིག་ཡར་འཇུག་བྱས་ཚར་རྗེས། ཁྱེད་རང་གིས་ཡིག་ཆ་དེ་མི་གཞན་གྱིས་ཐེངས་ག་ཚོད་ལ་ཕབ་ལེན་བྱེད་ཆོག་མིན་དང་། ཉིན་ག་ཚོད་ཀྱི་རྗེས་སུ་བེད་མེད་ཆགས་ཀྱི་ཡོད་མེད་སོགས་གཏན་འཁེལ་དང་དོ་དམ་བྱེད་ཆོག་པ་མ་ཟད། ཁྱེད་ཀྱིས་ཡིག་ཆ་དེར་གསང་ཚིག་ཅིག་བཟོས་ཏེ་ཉེན་སྲུང་གི་ནུས་པ་བསྐྲུན་ཆོག ཡིག་ཆ་ཞིག་ཡར་འཇུག་བྱས་ཚར་བའི་རྗེས་སུ། ཁྱེད་ལ་ཡིག་ཆ་དེ་གནས་སའི་འབྲེལ་ཐག་ཅིག་དང་། ཡིག་ཆ་དེའི་གསང་སྡོམ་གྲོལ་བྱེད་ཀྱི་གསང་ཚིག་ལྡེ་མིག་ཅིག་མཁོ་སྤྲོད་བྱེད་ངེས། འབྲེལ་ཐག་དེ་འབྱོར་སའི་གང་ཟག་གི་ངོས་ནས། འབྲེལ་ཐག་གི་སྒང་ལ་མནན་རྗེས། གསང་ཚིག་གཏགས་ཏེ་གསང་སྡོམ་གྲོལ་བ་ཡིན་ན། ཡིག་ཆ་དེ་རང་ཉིད་ཀྱི་གློག་ཀླད་དང་ཁ་པར་སྟེང་དུ་ཉར་ཆོག 

ཨན་ཌོ་མ་ལག་སྟེང་དུ་མཉེན་ཆས་འདི་ད་དུང་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན། Mozilla བཟོ་ཚོང་ཁང་གི་ཡིག་ཆ་གཏོང་ལེན་ཞབས་ཞུ་Firefox Send་བཀོལ་སྤྱོད་བྱེད་པར། ཉེར་སྤྱོད་པ་གང་རུང་ལ་Firefox་ཁ་བྱང་མི་དགོས་པས། ཡིག་ཟམ་ནང་བཞིན། ཡིག་ཆ་གཏོང་ལེན་བྱེད་མཁན་ཕྱོགས་གཉིས་ཀར་ཧ་ཅང་སྟབས་བདེ་པོ་ཡིན།

གནས་སྐབས་ཀྱི་ཡིག་ཆ་གསོག་འཇོག

Mozilla བཟོ་ཚོང་ཁང་གི་ Firefox Send ལ་བཀོལ་སྤྱོད་སྣ་ཚོགས་པ་ཡོད། དཔེར་ན། ཁྱེད་ཀྱིས་ཁང་པ་ཞིག་ཉོ་སྐབས།་རང་གི་དངུལ་ཁང་གི་གནས་ཚུལ་རིགས་དྲ་ཐོག་ཏུ་འཇོག་དགོས་བྱུང་ཡོད། འོན་ཀྱང་། རང་ཉིད་ཀྱི་དངུལ་ཁང་གི་གནས་ཚུལ་རིགས་གཏང་སའི་མི་དང་ལས་ཁུངས་གང་རུང་ལ་ཁྱེད་ཀྱི་དངུལ་ཁང་གི་གནས་ཚུལ་ཐེངས་གཅིག་ལ་མ་གཏོགས་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་སྤྲད་འདོད་མེད་ཚེ། Firefox Send ཞབས་ཞུ་ཡིས་ཁྱེད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཁྱེད་ཀྱིས་དྲ་ཐོག་དུ་ཡོད་པའི་རང་ཉིད་ཀྱི་གནས་ཚུལ་དོ་དམ་བྱེད་ཐུབ་པས། དྲ་ཐོག་གི་སྒེར་གྱི་གནས་ཚུལ་དེ་དག་དུས་གཏན་དུ་དྲ་ལམ་གྱི་སྤྲིན་མཛོད་དུ་ལྷག་མི་སྲིད།

དྲ་ལམ་དུ་Dropbox དང་། Box Google Drive  Microsoft OneDrive སོགས་ཡིག་ཆ་བགོ་འགྲེམས་བྱེད་མཁན་གྱི་ཞབས་ཞུ་མང་པོ་ཡོད་རུང་།དེ་དག་ལ་གནས་སྐབས་རིང་།དྲ་ལམ་དུ་ཡིག་ཆ་གསོག་འཇོག་བྱེད་པའི་ཁྱད་ཆོས་དེ་མེད།ཞབས་ཞུ་དེ་དག་གཏན་འཇགས་ཀྱི་ཐོག་ནས་ཡིག་ཆ་གསོག་ཉར་བྱེད་མཁན་ཤ་སྟག་ཡིན།འདི་ནི་ཁོང་ཚོའི་དངུལ་འཚོལ་སྟངས་ཀྱི་ལམ་ཁ་ཞིག་ཡིན་ལ།ཁོང་ཚོར་མི་སྒེར་གྱི་དྲ་ལམ་གྱི་སྟོང་ཆ་དོ་དམ་བྱེད་ཕྱོགས་ཐད་ལ་རོགས་པ་བྱེད་པའི་འདུན་པ་རྩ་བ་ནས་མེད།

དམིགས་བཀར་གྱི་ཉེར་སྤྱོད་པ།

དྲ་ལམ་གྱི་སྤྲིན་མཛོད་མང་པོ་ཡོད་རུང་། Mozilla ནང་བཞིན་མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ལ་དོ་ཁུར་བྱེད་མཁན་མེད། Mozilla ཚང་གིས་ག་དུས་ཡིན་ཡང་། མི་སྒེར་གྱི་བདེ་འཇགས་ཨང་དང་པོར་བརྩི་ཡི་ཡོད་སྟབས། Firefox Send ནང་བཏང་བ་དང་བགོ་འགྲེམས་བྱས་པའི་གནས་ཚུལ་རིགས་འགན་སྲུང་བྱས་ཡོད་པའི་ཡིད་ཆེས་བྱེད་ཆོག  Firefox Send ནི་མིའི་བདེ་འཇགས་དང་གསང་རྒྱ་དམིགས་སུ་བཟུང་སྟེ་འཆར་འགོད་བྱས་ཡོད་པས། ཁྱེད་རང་གི་ཡིག་ཆ་ཚང་མ་བརྟན་པོ་ཡིན་ལ། མི་གཞན་གྱིས་བཀོལ་སྤྱོད་ལོག་པ་བྱེད་མི་ཐུབ། Firefox Send དེ་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཁག་ལ་ཡིད་ཆེས་མེད་མཁན་གྱི་ཉེར་སྤྱོད་པ་ཚོ་གཙིགས་སུ་འཛིན་གྱི་ཡོད། ཡིག་ཆ་གཏོང་ལེན་གྱི་ཞབས་ཞུ་གསར་པ་འདིས། འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཁག་གི་ཚོང་ལས་ཀྱི་ཁེ་ཕན་ལ་ཉེན་ཁ་བཟོ་མི་ཐུབ་རུང་། བདེ་འཇགས་རང་བཞིན་ལྡན་པའི་ཡིག་ཆ་བགོ་འགྲེམས་གྱི་ལམ་ཁ་འཚོལ་མཁན་ཚོར་ཧ་ཅང་ཕན་ཐོགས་ཆེ།

བདེ་འཇགས།

Firefox Send དེ་བཤེར་ཆས་གང་རུང་གི་ནང་ནས་བཀོལ་སྤྱོད་བྱས་ཏེ། ཡིག་ཆ་འདྲ་མིན་སྣ་ཚོགས་བདེ་འཇགས་ངང་གཏོང་ཐུབ་པས། ཧ་ཅང་སྟབས་བདེ་པོ་ཡོད། འོན་ཀྱང་། མི་ཡོངས་རྫོགས་བདེ་འཇགས་ལ་དོ་སྣང་ཡོད་མཁན་མིན་པས། ཚང་མ་ལམ་སེང་འཚང་ཁ་ཤིག་ཤིག་སྒོ་ནས་Firefox Send བཀོལ་སྤྱོད་བྱེད་དུ་འགྲོ་མི་སྲིད།

Firefox Send ལ་ཡོད་པའི་སྐྱོན་ཆ་ཞིག་ནི།གསང་སྡོམ་གྲོལ་ཚར་བའི་ཡིག་ཆ་གང་རུང་ཞིག་མི་ཞིག་གི་ལག་ཏུ་སླེབས་ཚེ།མི་དེས་ག་རེ་བྱེད་འདོད་ན་བྱེད་ཐུབ་པ་དེ་རེད།དེར་བརྟེན།ཁྱེད་རང་གིས་ཡིག་ཆ་ཞིག་བགོ་འགྲེམས་བྱེད་དུས།བགོ་འགྲེམས་བྱ་སའི་མི་དེ་ཡིད་ཆེས་བློ་འགེལ་བྱེད་ཆོག་པ་ཞིག་ཡིན་པ་ངེས་པར་དུ་ཁག་ཐེག་བྱེད་དགོས།

གང་ཟག་གསུམ་པ་བཀག་འགོག

Firefox Send་ཞབས་ཞུ་དེ་བགོ་འགྲེམས་བྱས་པའི་ཡིག་ཆ་ཁག་གཏང་ཡུལ་ལ་མ་འབྱོར་གོང་། ཁྲིམས་འགལ་གྱི་ཐོག་ནས་ལམ་བར་དུ་འཇབ་རྒོལ་བྱེད་མཁན་གྱི་གང་ཟག་གསུམ་པ་རྣམས་བཀག་འགོག་བྱེད་པར་དམིགས་ནས་འཆར་འགོད་བྱས་ཡོད་པས། Firefox Send བཀོལ་སྤྱོད་བྱས་ན། མི་གཞན་གྱིས་ལམ་བར་དུ་ཡིག་ཆ་བརྐུས་རུང་། གང་ཟག་གསུམ་པ་དེར་ཡིག་ཆའི་གསང་སྡོམ་གྲོལ་བྱེད་ཀྱི་ལྡེ་མིག་གམ་གསང་ཚིག་དེ་མེད་པས།་ཡིག་ཆའི་ནང་དོན་ལ་ལྐོག་ལྟ་བྱེད་པའི་ཐབས་ཤེས་མེད། དེང་སང་། བཟོ་ཚོང་ཁག་ཆེ་ཁག་གིས་མི་སྒེར་གྱི་དྲ་ཐོག་གི་ཡིག་ཆ་བེད་སྤྱོད་ལོག་པ་བཏང་བའི་གསར་འགྱུར་མང་པོ་ཐོན་ཡོང་གི་ཡོད་སྟབས། བདེ་འཇགས་གི་ཐོག་ནས་ཡིག་ཆ་གཏོང་བའི་ཞབས་ཞུའི་རིགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་ངེས་པས། Firefox Send ཡིས་དྲ་ཐོག་གི་བདེ་འཇགས་དང་འབྲེལ་བའི་འདུ་ཤེས་ཡོད་མཁན་གྱི་གང་ཟག་ཁག་གི་ཡིད་འགུག་ངེས་པ་མ་ཟད། དྲ་རྒྱའི་བདེ་འཇགས་ཀྱི་གཞི་རྩའི་འཕྲོད་བསྟེན་སྐོར་ལ་དོ་སྣང་ཡོད་མཁན་རྣམས་ཀྱང་ཚུར་འགུག་བྱེད་སྲིད།

སྤྱིར་Mozilla བཤེར་ཆས་ཀྱི་འཁོར་རྒྱུག་དང་སྐད་གྲགས་ཉམས་བཞིན་ཡོད་རུང་། Firefox Send ལ་གསང་སྡོམ་གྱི་ཁྱད་ཆོས་ཡོད་པས། དྲ་བའི་ཞབས་ཞུ་གསར་པ་འདི་ནི་Mozilla ཚང་གི་ཁྲོམ་རའི་གྲལ་གནས་ཉར་ཐབས་ཀྱི་འཐབ་བྱུས་ཤིག་ཡིན།

Leave a Reply

Your email address will not be published. Required fields are marked *