ང་ཚོས་དུས་རྒྱུན་རང་ཉིད་ཀྱི་གློག་ཀླད་ནང་དུ་ཡིག་ཆ་གསར་བ་མང་པོ་གསོག་གིན་གསོག་གིན། དགོས་མེད་ཀྱི་ཡིག་ཆ་རྙིང་པ་མང་པོ་ཞིག་གསུབ་ཀྱིན་ཡོད་ལ། ཡིག་ཆ་གསུབ་སྟངས་དེ། Shift+Delete མནན་ཏེ་གསུབ་པའམ། ཡང་ན། གློག་ཀླད་ཀྱི་སྙིགས་སྣོད་(回收站♻️)ནང་དུ་བླུགས་ནས་གསུབ་ཀྱི་ཡོད། མི་ཕལ་ཆེ་བས། རང་ཉིད་ལ་ཕན་ཐོགས་མེད་པའི་ཡིག་ཆ་ཁག་སྙིགས་སྣོད་ནང་དུ་བླུགས་ཏེ། བསུབས་པ་ཡིན་ན། ཡིག་ཆ་དེ་དག་གཙང་གསུབ་བྱས་ཚར་བ་རེད་སྙམ་གྱི་ཡོད།
འོན་ཀྱང་། དངོས་ཡོད་ནི་དེ་དང་རྦད་དེ་ཐ་དད་ཡིན། ང་ཚོས་དུས་རྒྱུན་ཡིག་ཆ་གང་རུང་ཞིག་གློག་ཀླད་ནང་དུ་གསོག་ཉར་བྱེད་དུས། གློག་ཀླད་ཀྱིས་ཡིག་ཆ་དེ་གསོག་ཉར་བྱེད་སའི་ས་ཆ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། མི་དགོས་པའི་ཡིག་ཆ་རིགས་གློག་ཀླད་ཀྱི་སྙིགས་སྣོད་ནང་དུ་བླུགས་ཏེ་བསུབས་པ་ཡིན་ན། དོན་དངོས་ཐོག ཡིག་ཆ་དེ་དག་གསོག་འཇོག་བྱེད་སའི་ས་ཆ་དེ་གསུབ་ཀྱི་ཡོད་པ་མ་གཏོགས། ཡིག་ཆ་ངོ་མ་དེ་གསུབ་ཐུབ་ཀྱི་མེད། དེར་བརྟེན། གློག་ཀླད་ཆེད་མཁས་པ་དང་། སྲིད་གཞུང་གང་རུང་གིས་ཡིག་ཆ་གསར་རྙེད་ཀྱི་ཡོ་ཆས་རིགས་བེད་སྤྱད་དེ། ཁྱེད་ཀྱིས་གསུབས་ཚར་བའི་ཡིག་ཆ་ཚང་མ་སླར་གསོ་བྱེད་ཐུབ་ཀྱི་ཡོད།
དེར་བརྟེན། རྩ་བའི་ཆ་ནས་དགོས་མེད་ཀྱི་ཡིག་ཆ་མང་པོ་གསོག་ཉར་བྱེད་པ་དང་། ལྷག་པར་དུ། སྒེར་གྱི་གསང་བ་དང་འབྲེལ་བའི་པར་རིས་དང་བརྙན་སོགས་དོན་མེད་གསོག་ཉར་བྱས་ཡོད་པ་དེ། མི་གཞན་གྱི་ལག་ཏུ་ཤོར་ན། དེས་ཁྱེད་ལ་དཀའ་ལས་ཆེན་པོ་བཟོ་ངེས་ལ། དེ་བཞིན་དུ། དགོས་མེད་ཀྱི་ཡིག་ཆ་དེ་དག་རྩ་བ་ནས་གཙང་གསུབ་བྱེད་མ་ཐུབ་ན། དེས་ཕུགས་སུ་ཁྱེད་ལ་གནོད་པ་ཚབས་ཆེན་བཟོ་སྲིད།
དེ་ན། དཀའ་ངལ་དང་ཉེན་ཁ་དེ་དག་ལ་གཡོལ་བའི་ལམ་ཁ་ཡང་དག་པ་ཞིག་འཚོལ་རྒྱུ་ནི་དོན་གནད་གལ་ཆེན་ཞིག་ཆགས་ཡོད། སྤྱིར་དགོས་མེད་ཀྱི་གློག་རྡུལ་ཡིག་ཆ་མང་པོ་གསོག་ཉར་མི་བྱེད་རྒྱུ་གལ་ཆེ་ལ། དེ་ལས་ཀྱང་གལ་ཆེ་བ་ནི། མི་དགོས་པའི་ཡིག་ཆ་དེ་དག་རྩ་བ་ནས་གཙང་གསུབ་བྱེད་རྒྱུ་དེ་རེད། དེ་བས། རང་གི་ཁྱིམ་ལ་གཙང་སྦྲ་བྱེད་པ་ནང་བཞིན། རང་ཉིད་ཀྱི་གློག་ཀླད་ཀྱང་དུས་ནས་དུས་སུ་གཙང་བཟོ་བྱེད་དགོས་ལ། གསུབ་ཆས་ཟེར་བའི་མཉེན་ཆས་དེ་བེད་སྤྱད་དེ་རང་ཉིད་ཀྱི་གློག་ཀླད་ནང་གི་དགོས་མེད་ཀྱི་ཡིག་ཆའི་རིགས་གཙང་གསུབ་བྱེད་དགོས།
གསུབ་ཆས་མཉེན་ཆས་ནི་རང་ཉིད་ཀྱི་གློག་ཀླད་ནང་གི་སྒེར་གྱི་གསང་བ་དང་འབྲེལ་བའི་མི་དགོས་པའི་ཡིག་ཆ་རིགས་གཏན་འཇགས་ཀྱི་ཐོག་ནས་གཙང་གསུབ་བྱེད་སྤྱད་ཀྱི་ཡོ་ཆས་ཤིག་ཡིན་ལ། ཡང་གཅིག་བཤད་ན། མཉེན་ཆས་དེས།གསུབ་ཚར་བའི་ཡིག་ཆའི་རིགས་རྩ་བ་ནས་མེད་པར་བཟོ་གི་ཡོད་པས།སུས་ཀྱང་སླར་གསོ་བྱེད་མི་ཐུབ།
******ཐེངས་རྗེས་མའི་རྩོམ་ཡིག་ནང་དུ། ང་ཚོས་གསུབ་ཆས་ཀྱི་མཉེན་ཆས་སྐོར་པར་རིས་དང་བརྙན་གྱི་ལམ་ནས་རྒྱས་བཤད་བྱེད་རྒྱུ་ཡིན་པས། ཀློག་པ་པོ་ཚོས་ང་ཚོའི་དྲ་ངོས་ལ་མུ་མཐུད་ནས་དོ་སྣང་བྱེད་རོགས།